ང་ལ་ཕ་མ་དང་སྤུན་མཆེད་ཕུད་དགའ་རོགས་དང་། སྐྱོ་རོགས། སྐྱིད་རོགས་དང་སྡུག་རོགས་གང་ཟེར་ཡང་གཙོ་བོ་རྒྱུན་དུ་འཁྱམ་རོགས་ཀྱི་དར་རྒྱས་དང་། ལྷག་པ་ཚེ་རིང་། དོན་གྲུབ་བཅས་གྲོགས་པོ་གསུམ་པོ་ཡིན།
ང་ཚོ་གྲོགས་པོ་བཞི་པོ་འཛོམས་ས་གང་དུའང་དེ་ན་དགོད་སྒྲ་དང་སྤྲོ་སྣང་ཡོད་སྲིད་ལ། ཡང་སྨྲེ་ངག་དང་འོ་དོད་ཀྱང་ཡོད་སྲིད། འོན་ཀྱང་། ཉེ་འཆར་དོན་ཆུང་ཆུང་ཞིག་གིས་གྲོགས་པོ་ཚོས་ང་རང་སྣང་འཇོག་བྱུང་མ་མྱོང་བའི་ངའི་རྒྱུན་གཏན་གྱི་བྱ་སྤྱོད་ལ་འཛིན་པའི་ལྟ་བ་དང་། ངའི་ལུས་སེམས་ལ་འཇགས་པའི་གོམས་གཤིས་ཞིག་ཤེས་རྟོགས་བྱུང་།
དེ་ཡང་། དེ་ཉིན་དགོང་དྲོའི་ཆུ་ཚོད་ལྔ་པ་ཙམ་ནས་ང་ཚོ་ཇ་ཁང་ཞིག་ནང་འཛོམས་ཏེ་ཤོ་རྩེད་ནས་བསྡད་པ་ཡིན།
དེའི་དགོང་མོ་ཆུ་ཚོད་དགུ་པའི་གཡས་གཡོན་དུ་གཅིན་པ་གཏོང་བར་ཐོན་ནས་རོགས་པ་ཚོར་ཏོག་ཙམ་སྒུག་ཞེས་ཞུས་པ་ཡིན། ཇ་ཁང་གི་ཕྱིར་ཐོན་མ་ཐག་སྒོ་འགྲམ་དུ་ཁྱི་ཕྲུག་གཉིས་འཛིང་གི་ཡོད་པ་ལམ་ཟུར་གློག་སྒྲོན་ལས་གསལ་ཙམ་མཐོང་གི་འདུག
དེར་བརྟེན། ངའི་སེམས་སུ་ཁྱི་ཕྲུག་གཉིས་པོ་ཕན་ཚུན་རྨས་སྐྱོན་ཕོག་ཡོང་བསམ་ནས་ཁ་ཕྲལ་བར་ཕྱིན་པས་བསམ་ཡུལ་ལས་འདས་པར་གཉིས་ཀས་འཛིང་མཚམས་བཞག་སྟེ་ངའི་ཕྱོགས་སུ་འཐབ་ཤ་བྱས་ལ་ “ ཨའུ། ཨའུ། ཨའུ། ཨའུ། ” ཞེས་ང་ལ་ཕྱོགས་ནས་ཟུག་གི་འདུག
ང་ནི་འཁར་བ་གཉིས་ལ་བརྟེན་པའི་མི་གཉོད་ཆུང་ནུས་མེད་ཞིག་ཡིན་པས་ཐོག་མར་ཁྱི་ཕྲུག་གཉིས་པོས་ངའི་རྐང་པ་དང་འཁར་བའི་འཁྲིས་ནས་ཟུག་དུས་ངོ་མ་ཏོག་ཙམ་དངངས་སྐྲག་དང་ཞེད་སྣང་བྱུང་། འོན་ཏེ། ཁྱི་ཕྲུག་ད་ལྟ་ཆུང་ཆུང་ཡིན་པས་བྱེད་རྒྱུ་གང་ཡོང་བསམ་ནས་ཙོག་པོར་བསྡད་དེ་ཕར་བརྙས་བརྐོས་པ་ཡིན། དེ་གཉིས་པོ་ནི་སྟག་ཕྲུག་བཞིན་ཧ་ཅང་ངར་པོ་འདུག་པས་ངའི་སེམས་ལ་ཇ་ཁང་སྦྱིན་བདག་དང་ང་རང་འདྲིས་ཆེ་བས་དེ་ནས་གཅིག་ང་ལ་སྟེར་རོགས་ཟེར་དགོས་བསམ་མུར་པ་གིའི་ནང་ནས་ཁ་པར་བླངས་ཏེ་ང་རང་དགྲ་ལྟར་བརྩིས་ནས་ཁ་རླངས་པ་ཆིལ་ཆིལ་ངང་ཟུག་བཞིན་པའི་ཁྱི་ཕྲུག་དེ་གཉིས་ལ་པར་ཞིག་རྒྱབ་རྩིས་བྱེད་དུས་བློ་ཕངས་ཆེ་བ་ཞིག་ལ་ངའི་ཁ་པར་སྤུས་ཚད་ཡག་པོ་མེད་པའི་རྐྱེན་གྱིས་དགོང་མོ་པར་གསལ་པོ་ལེན་ཐུབ་ཀྱི་མི་འདུག
ངས་ཁྱི་ཕྲུག་ལ་རྩེད་མོ་རྩེད་ནས་ཇ་ཁང་ནང་རོགས་པས་ང་རང་སྒུག་ནས་བསྡད་ཡོད་པ་བརྗེད། དུས་ཚོད་ནི་སྐར་མ་བཅུ་གྲངས་ཙམ་སོང་ཟིན་ལ་དེ་ནས་ང་རང་ཡང་གྲང་བའི་ཚོར་སྣང་དེས་ཁྱི་ཕྲུག་གཉིས་ཕར་ཙམ་དེད་དེ་གཅིན་པ་བཏང་ནས་ཇ་ཁང་ལ་ལོག་པ་ཡིན།
སྒོ་འཛུལ་མ་ཐག་ “འོ་ཙི་ཁྱོད་རྒྱལ་རྩེའི་སྤྱི་པའི་གསང་སྤྱོད་ནང་གཅིན་པ་གཏོང་བར་ཕྱིན་པས། ” ཞེས་ལྷག་པ་ཚེ་རིང་གིས་དུས་ཚོད་རིང་པོ་འགོར་བར་འཁང་ར་དང་ཀུ་རེ་སྦྲགས་དེ་ལྟར་བཤད་པ་དང་། ཡང་དར་རྒྱས་ཀྱིས། “ ང་ནི་འཁར་བ་འདྲེད་ནས་འགྱེལ་བ་མིན་ནམ་བསམ་པས་ལྟ་བར་ཡོང་རྩིས་ཡོད། ”ཟེར།
ཡིན་ནའང་། དོན་གྲུབ་ཀྱིས། “ ང་ནི་གང་ཡང་བསམ་མ་བྱུང་། ཕལ་ཆེར་སྐད་ཆ་ཤོད་རོགས་སམ་བྱ་དངོས་དགོད་བྲོ་པོ་ཞིག་འཕྲད་ནས་ཟིན་བྲིས་རྒྱབ་ཀྱིན་བསྡད་ཡིན་ནམ་ཡང་ན་པར་རྒྱབ་ཀྱིན་བསྡད་ཡིན་ནམ་བསམ་བྱུང་། ”ཞེས་ངའི་ལུས་སེམས་ལ་རྒྱུན་འཇགས་ཀྱི་གོམས་གཤིས་དེ་འདྲ་ཞིག་ཡོད་པ་གླེང་བཞིན་སྨག་ནག་པའི་མཚན་གུང་དེར་ཁུ་སིམ་པའི་རི་གྲོང་གི་ཇ་ཁང་ཐབ་ཆག་ཞིག་གི་སྒོ་འགྲམ་ནས་གཅིན་པ་གཏོང་ཞོར་གཅིག་ལ་འཕྲད་པའི་དོན་ཆུང་ཞིག་གིས་གྲོགས་པོ་ཚོས་རང་ལ་ཀུ་རེ་དང་ཤ་ཚའི་གཏམ་ཐུང་ཐུང་རེའི་ཁྲོད་ནས་ང་རང་གིས་དོ་སྣང་མ་བྱུང་བའི་གོམས་གཤིས་ཁྱད་མཚར་དེ་དག་ཤེས་རྟོགས་བྱུང་བས་དེའི་ནུབ་མོ་དངོས་གནས་རང་གི་འགྲོ་སྡོད་གཏམ་གསུམ་ལ་འདང་ཞིག་ངང་ངམ་ཤུགས་ཀྱིས་འཐེན་དགོས་བྱུང་།
མ་གཞི་ང་རང་འཁར་བ་རོགས་སུ་བརྟེན་ནས་འགྲོ་སྐྱོད་བྱེད་དགོས་པ་དེས་ལུས་སེམས་ལ་ངལ་དུབ་དང་སྐྱོ་སྣང་ཐེངས་གྲངས་གཅིག་མིན་གཉིས་མིན་མང་པོ་འཕྲད་མྱོང་ཡོད་ལ་གྲོགས་པོ་ཚོས་དེའི་ཐད་རོགས་པ་ཐེངས་གཅིག་མིན་གཉིས་མིན་མང་པོ་བྱེད་མྱོང་ཡོད།
འོན་ཏེ། མཚམས་རེར་ཡིད་གཟབ་མ་འདེང་བར་རིལ་ནས་ལུས་པོའི་གོས་དག་ཐལ་བས་སྐྱ་ཡོག་ཡོག་ཏུ་གྱུར་ལ། མཚམས་རེར་ལག་པ་སོགས་བརྡབ་ནས་ན་ཟུག་ཀྱང་བཟོད་དཀའ་བ་གཏོང་མྱོང་ཡོད་མོད། ཡིན་ནའང་། སྐབས་དེ་དུས་ང་ངོ་ཚ་མ་མྱོང་ལ་ང་སྐྱོ་སྣང་ཡང་སྐྱེས་མ་མྱོང་། ངས་སུག་བཞི་ས་ལ་བཙུགས་ནས་དུད་འགྲོ་བཞིན་འགྲོ་དགོས་བྱུང་ཡང་གང་ལྟར་ཡར་ལངས་དགོས་བསམ་པ་ལས་དབང་པོ་སྐྱོན་ཅན་པ་ཞིག་གི་ལུས་པོའི་འགུལ་སྐྱོད་དེ་མི་གཞན་གྱི་འཕྱ་སྨོད་དང་ཟུར་ཟ་བྱེད་ཡུལ་ཞིག་ཡིན་མི་སྲིད་བསམ་ལ་གལ་ཏེ་དེ་འདྲ་འདོད་མཁན་དང་བསམ་ཤེས་མ་ཐུབ་པ་རེ་གཉིས་ཡོད་སྲིད་ན་ང་རང་འགྱེལ་བ་དེ་ངས་ཁོ་ཚོར་ཕུལ་བའི་འཁྲབ་སྟོན་དུམ་བུ་ཞིག་ཏུ་བརྩིས་ནས་ཁོང་ཚོའི་སེམས་ལ་དགའ་ཚོར་དང་ཁོག་ནས་དགོད་སྒྲ་ཞིག་གྲགས་སོང་ན་དེ་ངའི་བསོད་ནམས་དང་བདེ་སྐྱིད་ལ་བརྩི་རྒྱུ་ལས་སྡིག་མོ་བྱེད་མི་སྲིད།
འོན་ཏེ། ང་རང་སྐྱེས་ས་དང་འཚར་ས་འཚོ་ས་བཅས་མཐའ་ཁུལ་རི་གྲོང་འདི་འདྲ་ཞིག་ཡིན་ལ་ངའི་ཐེམ་ཐོ་དང་ལས་རིགས་ཀྱང་ཞིང་གྲོང་གི་ཞིང་པ་སློབ་ཆུང་གི་ཡོན་ཚད་ཅན་ཞིག་ལས་མ་འདས།
དེས་ན། མི་མང་པོས་ཞིང་པ་ཡིན་ཕྱིན་ས་ཞིང་སྦོལ་བ་དང་། ལུད་གསོག་པ། གོས་ལ་ལྷན་པ་རྒྱབ་ཤེས་ན་དེ་དག་གིས་ཞིང་པ་ཞིག་ལ་ལྟོ་སྟེར་བ་ངོས་འཛིན་བྱེད།
འོན་ཏེ། ང་ནི་དེའི་ཐད་ནུས་པ་མེད་པ་རེད་ཟེར་ཆོག་ལ་ནུས་ཀྱི་མེད་ཟེར་ནའང་འགྲིག
གང་ལྟར་དེ་དག་ལ་སྔ་ས་ནས་བསམ་གཞིགས་དོར་བའི་མི་ལས་མེད་པ་ཞིག་ཡིན།
གྲོགས་པོ་ཚོས་བརྗོད་པ་བཞིན་མི་མང་འཛོམས་དུས་གཏམ་སྙན་པོ་ཡོད་ན་ཟིན་བྲིས་རྒྱབ་རྒྱུ་དེ་ངའི་ལས་ཀ་དང་གོམས་གཤིས་ཡིན་འདུག འགུལ་སྐྱོད་ཀྱི་རྒྱབ་མདུན་ན་རྒྱུན་གཏན་ལས་འདས་པའི་བྱ་དངོས་དཔེ་གསར་དང་། ཡ་མཚན། བཟང་པོ་དང་། ངན་པ། དགོད་བྲོ་དང་སྡུག་བསྔལ་གང་ཞིག་འཕྲད་ན་པར་ལེན་བྱེད་རྒྱུ་ནི་ངའི་ལས་ཀ་ཡིན་འདུག་པ་མ་ཟད་ཞར་དང་ཞོར་ལ་ཤོག་སྟོང་ཐོག་གཏམ་སྟོང་བྲིས་རྒྱུ་དེའང་ངའི་དགའ་ཕྱོགས་དང་འདོད་མོས་ཡིན་བསམ་མ་མྱོང་ཡང་གྲོགས་པོ་ཚོས་དེ་ལྟར་ཡིན་པའི་དྲན་སྐུལ་བྱས་བྱུང་།
རེད་ཡཱ། ངའི་གོམས་གཤིས་དང་དགའ་མོས་དེ་དག་གིས་གཞན་གྱིས་བརྗོད་པ་བཞིན་ངའི་འཚོ་གོས་ལ་ངོ་མ་ཕན་ཅི་ཡང་ཐོགས་མ་མྱོང་།
འོན་ཏེ། གྲོགས་པོ་ཚོས་ཟེར་ན་ང་ནི་ཐོབ་ཆ་གང་ཡང་མེད་པའི་ཆབ་སྲིད་པ་ཞིག གཞུང་ཞབས་པ་ཞིག རྩོམ་པ་པོ་ཞིག ཁྲིམས་རྩོད་པ་ཞིག སྒྱུ་རྩལ་པ་ཞིག་སྔ་ས་ནས་རེད་ཟེར།
ང་ངོ་མ་མི་འདི་འདྲ་ཞིག་ཨེ་རེད།
ཧ་ཧ། གྲོགས་པོ་ཚོས་ཟེར་ན་ཟེར་དུ་ཆུག ང་ནི་རྩ་དོན་ཡོད་པའི་རང་དབང་པ་ཞིག་སྔ་ས་ནས་ཡིན་སྙམ།
༢༠༡༧ལོའི་ཟླ་བ་༢པའི་ཚེས་༣ཉིན་གྱི་ཞོགས་པར།